Friday, February 15, 2008

ལུང་སྐྱ་དགོན་དཔལ་ངེས་དོན་མི་འགྱུར་བདེ་ཆེན་གླིང༌།

ལུང་སྐྱ་དགོན་དཔལ་ངེས་དོན་མི་འགྱུར་བདེ་ཆེན་གླིང༌།

ལོ་རྒྱུས་ཀྱི་བྱུང་བ།

༄༅།། ལུང་སྐྱ་དགོན་དཔལ་ངེས་དོན་མི་འགྱུར་བདེ་ཆེན་གླིང་ནི། བོད་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ་ཕྱི་ལོ་ ༡༧༡༦ ལོར། རྗེ་གྲུབ་པའི་དབང་ཕྱུག་ཆ་ལུང་བ་ངག་དབང་འཕྲིན་ལས་རྣམ་རྒྱལ་ཀྱི་སྐུ་ཚབ། གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ་དབུས་ནས་ཛམ་ཐང་དུ་ཕེབས་སྐབས། མགོ་ལོག་ཨ་སྐྱོང་གོང་མའི་དཔོན་བསྟན་འཛིན་དར་རྒྱས་ཀྱིས་དགོན་བྲག་དཀར་མདོ་རུ་གདན་དྲངས་ནས་དགོན་འགོ་གཙང་བ་ལ་གཏད་ཅིང༌། ཨ་སྐྱོང་ཆུ་ཉིན་མ་ནས་ཛི་ཀའི་ཏ་ཚེ་ཡན་ཆད་གྲྭ་རྒྱུན་དུ་ཕུལ་ཏེ། ཨ་སྐྱོང་གོང་མར་ཇོ་ནང་ཆོས་སྒར་གསར་འདེབས་ཀྱི་གསོལ་བ་ནན་གྱིས་བཏབ་པས། ཁོང་གི་ཐུགས་བཞེད་ལྟར། ས་གནས་སུ་གཉུག་མར་གནས་པའི་གྲྭ་བཙུན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། ཐོག་མར་ཆོས་སྒར་གྱི་ཚུལ་དུ་ཕྱག་འདེབས་མཛད་ཅིང་། དགེ་སྐོས། དབུ་མཛད། ཁྲི་བ་སོགས་བསྐོ་བཞག་ཀྱང་མཛད། དགོན་སྡེ་འདིའི་ཆོས་བརྒྱུད་དམ་གྲུབ་མཐའ་ནི། འཕགས་ཡུལ་གྲུབ་མཐའ་རྣམ་བཞིའི་ནང་གི་དབུ་མ་བ་དང༌། དབུ་མ་ལ་ཡང་རང་སྟོང་དང་གཞན་སྟོང་གཉིས་སུ་གྲགས་པའི་ཕྱི་མའི་ལུགས་འཛིན་མཁན་ཡིན་ཞིང༌། བོད་གངས་ཅན་གྱི་ལྗོངས་འདིར་ཆོས་བརྒྱུད་ཆེན་པོ་ལྔར་གྲགས་པའི་ནང་གི་རྒྱལ་བ་ཇོ་ནང་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ནོ།། དེ་ནས་བཟུང་གདན་རབས་གཉིས་པ་ངག་དབང་མཁས་བཙུན་དར་རྒྱས། གསུམ་པ་ཀུན་བཟང་འཕྲིན་ལས་རྣམ་རྒྱལ། བཞི་བ་ནུས་ལྡན་ལྷུན་གྲུབ་རྒྱ་མཚོ། ལྔ་བ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ། དྲུག་པ་ངག་དབང་ཆོས་འཕེལ་རྒྱ་མཚོ། བདུན་པ་གྲུབ་པའི་དབང་ཕྱུག་ཆེན་པོ་སྐྱབས་བླ་མ་ངག་དབང་རིན་ཆེན་བཟང་པོ་ཞེས་གྲགས་པ་དེ་ཉིད་ཡིན་ལ། ཁོང་གིས་བོད་རབ་བྱུང་བཅོ་ལྔ་བའི་མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར་ཆོས་སྒར་འདིའི་རྡོ་རྗེ་སློབ་དཔོན་གྱི་ཐུགས་འགན་བཞེས་ཤིང་། མགོ་ལོག་ཨ་སྐྱོང་གོང་མའི་རྭ་གཉིས་ཞེས་པར་ནག་སྒར་ཕྱག་བཏབ་སྟེ། གཙང་བ་ངག་དབང་ཆོས་འབྱོར་རྒྱ་མཚོའི་ཞལ་བཀོད་ལྟར། སྦྱོར་དྲུག་དང་། དུས་འཁོར་ལྷ་དགུའི་སྒྲུབ་མཆོད་སོགས་བཙུགས་ཤིང་ཆོས་སྒར་རྒྱ་བསྐྱེད་མཛད་པ་དང་བསྟུན། སྨད་སོག་དགེ་བཤེས་སྣང་མཛད་རྡོ་རྗེས་ལུང་བསྟན་པ་ལྟར། དགོན་པའི་མཚན་ལ་ངེས་དོན་མི་འགྱུར་བདེ་ཆེན་གླིང་ཞེས་བཏག འོན་ཀྱང་དགོན་སྡེ་འདི་ཉིད་དེ་དུས་ནག་སྒར་ཡིན་སྟབས་དབྱར་དགུན་གཉིས་སུ་གནས་ངེས་མེད་དུ་སྤོ། དེ་ནས་གདན་རབས་བརྒྱད་པ་ངག་དབང་ཆོས་འཕེལ་རྒྱ་མཚོ། དགུ་བ་ངག་དབང་ཆོས་འབྱོར་རྒྱ་མཚོ། བཅུ་བ་སྟོང་ཉིད་སྨྲ་བའི་ཁྱུ་མཆོག་མཁས་བཙུན་བཟང་པོའི་མཐར་ཐུག་གདུང་ཡངས་བླ་མ་མཚམས་པ་སྨོན་ལམ་བཟང་པོ་ཞེས་ཡོངས་སུ་གྲགས་པ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་གཉིས་སུ་མེད་པའི་སྦས་པའི་རྣལ་འབྱོར་བ་ཆེན་པོ་དེ་ཉིད་ཡིན་ཏེ། དེ་ཡང་སྨད་སོག་དགེ་བཤེས་སྣང་མཛད་རྡོ་རྗེའི་ཞལ་ནས། མི་རིང་བར་གཙང་བའི་གྲྭ་རྒྱུན་ནས་རྣལ་འབྱོར་བ་ཆེན་པོ་ཞིག་ཕེབས་རྒྱུ་ཡིན་ཞེས་གསུངས་པ་ལྟར། ཁོང་ཆོས་སྡེ་འདིའི་རྡོ་རྗེ་སློབ་དཔོན་གྱི་ཁྲིར་ཕེབས་ཤིང་། སྐུ་ཚེའི་སྨད་དུ་ནག་སྒར་ལུང་སྐྱའི་ཐང་དུ་གཏན་འཇགས་མཛད་པས། རྟོག་ཚོགས་རང་སར་གྲོལ་ཞིང་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པའི་དོན་ལ་ངེས་པ་ནང་ནས་རྙེད་པའི་སློབ་ཆེན་བརྒྱ་ཕྲག་བརྒལ་བ་དང་། ཐར་བའི་ལམ་སྣ་ཟིན་པའི་སློབ་ཚོགས་ཉིས་སྟོང་ལྷག་འདུས་ཤིང་། མགོ་ལོག་ཁག་གསུམ་དུ་གྲགས་པ་ཤིན་ཏུ་ཆེན་པོ་བྱུང་བས་ས་མིང་དགོན་པར་བཏག་སྟེ་ལུང་སྐྱ་དགོན་དང་། བསྟན་བདག་བླ་མའི་མཚན་ཟུར་ལས་གྲས་ཏེ་གདུང་ཡངས་བླ་མའི་ཆོས་སྒར་ཞེས་ཡོངས་སུ་གྲགས། དེ་ནས་གདན་རབས་དགུ་བ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མཚུངས་པ་མེད་པ་མཁན་ཆེན་གསང་སྔགས་བསྟན་འཛིན་ཡིན་ཞིང་། ཁོང་གིས་རྡོ་རྗེ་སློབ་དཔོན་དང་མཁན་རབས་་་་་་་་་་་པའི་ཐུགས་འགན་བཞེས་ཏེ་ཆོས་སྡེ་འདིར་བཤད་གྲྭ་བཙུགས་ཤིང་། བཤད་སྒྲུབ་ཟུང་གི་བསྟན་པ་ཆེས་ཆེར་དར་ཞིང་རྒྱས་པར་མཛད་དོ།།དེ་ལྟར་ལོ་རྒྱུས་ཀྱི་བྱུང་བ་རྨད་དུ་བྱུང་བའི་ཆོས་སྡེ་ཆེན་པོ་འདིའི་མཁན་རབས་ཀྱི་དབང་དུ་བཏང་ན། དང་པོ་སེར་ཤུལ་མཁན་པོ་འཇམ་དཔལ་དགེ་ལེགས་ཀྱིས་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་གསར་དུ་བཙུགས། དེ་ནས་བཟུང་མཁན་རབས་གཉིས་པ་གསང་སྔགས་བསྟན་འཛིན་གྱི་རིང་བཤད་སྒྲུབ་ཟུང་གི་བསྟན་པ་དབྱར་མཚོ་ལྟར་རྒྱས་བཞིན་པའི་སྐབས། རིག་གནས་གསར་རྗེ་ཞེས་པའི་དུས་འགྱུར་ཁྲོད་དགོན་སྡེ་འདིའི་བཤད་སྒྲུབ་ལས་གསུམ་གྱི་འཕྲིན་ལས་འོད་སྣང་དཀར་པོའི་རྒྱུན་རེ་ཞིག་བསྡུས་ཀྱང་། ཕྱི་ལོ་ ༡༩༨༢ ལོ་ནས་ཆོས་སྒོ་གསར་འབྱེད་ཀྱི་གོ་སྐབས་བྱུང་བ་དང་བསྟུན། ཨ་སྐྱོང་གོང་མའི་སེར་སྐྱ་མི་མང་གི་དད་དམ་འགྱུར་བ་མེད་པའི་རེ་འདུན་ལྟར། རྡོ་རྗེ་འཆང་ངག་དབང་པདྨ་རྣམ་རྒྱ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ཀྱིས། མི་ལོ་བཅུ་ཕྲག་དུ་མའི་རིང་ཉམས་རྒུད་དུ་ཕྱིན་པའི་ངེས་དོན་ཆོས་སྡེ་ཆེན་པོ་འདིའི་ལོ་རྒྱུས་གནམ་སའི་རྡོ་རིང་འགྱེལ་ས་ནས་གྱེན་དུ་བསྒྲེངས་ཤིང་། མགོ་ལོག་ཨ་སྐྱོང་གོང་མའི་སའི་ཆ་ཤས་ཐུ་ལམ་རི་བོའི་ཆེའི་ཉེ་འགྲམ་དུ་ནག་སྒར་སླར་ཡང་བཙུགས་ཏེ། རྡོ་རྗེ་སློབ་དཔོན་གྱི་ཐུགས་འགན་ལྷུར་བཞེས་ཀྱིས་དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་བྱང་ཆུབ་བཞི་དང་། རྫོགས་རིམ་སྦྱོར་བ་ཡན་ལག་གི་བྱིན་རླབས་དོན་རྒྱུད་དང་བཅས་པ་ཉམས་ཁྲིད་མཛད་པས། ཕྱོགས་ཀྱི་ཐ་གྲུ་ཀུན་ནས་བུ་སློབ་གྲངས་མེད་པ་འདུས་པས། ཐུ་ལམ་ཆོས་སྒར་རམ་ལུང་སྐྱའི་ཆོས་སྒར་ཞེས་གྲགས་པ་བྱུང་ཞིང་། ད་ལྟའི་ཆར་ཁོང་གི་མདུན་ནས་ལོ་གསུམ་རིང་སྦྱོར་དྲུག་ཉམས་བཞེས་མཛད་མཁན་གཅིག་སྟོང་ལྷག་དང་། དབང་བཀའ་སོགས་ཟབ་ཆོས་ཞུས་པ་ནི་གྲངས་མེད་དོ།། ཕྱི་ལོ་ ༡༩༨༨ ལོར་སྐྱབས་རྗེ་བླ་མ་རིན་པོ་ཆེ་དང་། ཀུན་སྤངས་རྡོ་རྗེ་བཟང་པོ། མཆོག་སྤྲུལ་འགྲོ་ཕན་རྒྱ་མཚོ། གཙང་སྤྲུལ་བློ་གྲོས་རྣམ་རྒྱལ་བཅས་ཞལ་མཐུན་གྱིས་མ་འོངས་དགོན་གནས་གཏན་འཇག་དང་། རྒྱལ་བསྟན་ཡུན་གནས་བཅས་ཀྱི་ཆེད་ཕྱི་ནང་གི་ས་དཔྱད་ལེགས་གཟིགས་ཀྱིས། དགོན་གནས་མགོ་ལོག་དགའ་བདེ་རྫོང་ཁོངས་གད་ཐོག་བན་ལུང་ཞེས་པའི་སར་སྤོས་ཏེ་ཆོས་གཞི་གཏན་འཇག་མཛད། ཕྱི་ལོ་ ༡༩༩༠ ལོར་སྐྱབས་རྗེ་བླ་མ་རིན་པོ་ཆེའི་བླ་ན་མེད་པའི་ཐུགས་བསྐྱེད་འོག་ཚོགས་ཆེན་འདུ་ཁང་ཆེན་མོ་གསར་བཞེངས་ཀྱི་མཐུན་རྐྱེན་ཡོངས་སུ་འགྲིགས་ཏེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ངག་དབང་བདེ་ལེགས་རབ་རྒྱས་ཀྱིས་ ས་བདག་ལྟོ་འཕྱེའི་ཐིག་གདབ་ཅིང་ཐུགས་བཀོད་བླ་མེད་གནང་བ་ལྟར། ཚོགས་ཆེན་འདུ་ཁང་ཆེན་མོ་དང་དུས་འཁོར་སྦྱོར་དྲུག་སྒྲུབ་ཁང་། རྡོར་སེམས་སྒྲུབ་གྲྭ གྲྭ་ཤག་སོགས་གསར་བཞེངས་རྒྱ་ཆེར་གནང་། སྤྱིར་ས་ཚིགས་ཀྱི་དབང་དུ་བཏང་ན་དགོན་པ་འདི་ད་ལྟ་བན་ལུང་དུ་ཡོད་མོད། སྔོན་གྱི་ལོ་རྒྱུས་དབང་བཙན་པར་བྱས་ཏེ། ད་ལྟའི་ཆར་ཡང་ལུང་སྐྱ་དགོན་ཞེས་འབོད་ཀྱིན་ཡོད། དགོན་པ་འདི་ཐོག་མར་དབུ་བརྙེས་པ་ནས་བཟུང་ད་ལྟའི་ཕྱི་ལོ་ ༢༠༠༨ བར་མི་ལོ་ ༢༩༢ འདས་ཤིང༌། གདན་རབས་བཅུ་གཅིག་དང་མཁན་རབས་བཅུ་གཉིས་བྱོན་ཏོ།།

ཁོར་ཡུག་འཛུགས་སྐྲུན།

སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་ལས་གྲུབ་པའི་ཚོགས་ཆེན་འདུ་ཁང་ཆེན་མོ་དང་། དུས་འཁོར་སྦྱོར་དྲུག་སྒྲུབ་ཁང་དང་རྡོར་སེམས་སྒྲུབ་ཁང་། མཆོད་རྟེན་ཆ་བརྒྱད། མ་ཎི་དང་ཐར་མདོ་སོགས་ཀྱི་འཁོར་ཆེན་ཁག་དང་། ཁྱད་པར་དུ་ཐུགས་སྲས་སློབ་མའི་གཙོ་བོ་རྗེ་བཙུན་ཏཱ་ར་ནཱ་ཐའི་ཡང་སྲིད་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་མཆོག་གི་རྨད་དུ་བྱུང་བའི་ཐུགས་བསྐྱེད་དང་། འཛད་མེད་ནོར་བུའི་སྒོ་འཕར་མངོན་དུ་ཕྱེས་ཏེ། ཕྱི་ལོ་ ༡༩༩༥ ལོར་གསར་བཞེངས་མཛད་པའི་བྱང་ཆུབ་མཆོད་རྟེན་ཆེན་མོ་དང་། བྱམས་མགོན་ལྷ་ཁང་ཡིད་དགའ་ཆོས་འཛིན། ཕྱི་ལོ་ ༢༠༠༤ ལོར་དབུ་འཛུགས་ཀྱིས། ཕྱི་ལོ་ ༢༠༠༧ ལོར་ལེགས་གྲུབ་མཛད་པའི་ལུང་སྐྱའི་བཤད་གྲྭ་སྟེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སློབ་གླིང་སྐལ་བཟང་དགའ་བའི་ཚལ་དང་། དམ་ཆོས་འདུལ་བའི་དགོངས་དོན་དང་མཐུན་པར་སྤྱོད་ལམ་བཞི་ཤོང་གྱི་གྲྭ་ཤག་སྒྲིག་ཁང་བདུན་བརྒྱ་ལྷག་དང་། སློབ་གྲྭ་བློ་གསལ་གླིང་། གཞན་ཡང་དགོན་པའི་ཉེ་འདབས་སུ་ཡོད་པའི་བྱམས་བརྩེའི་རྒན་སྐྱོང་ཁང་དང་། ཀུན་ཕན་སྨན་བཅོས་ཁང་། སྤྲུལ་པདྨ་ནོར་བུས་བཞེངས་བའི་དུས་འཁོར་བློས་བླངས་སོགས་སྲིད་ན་དཀོན་པའི་ལྷ་ཁང་དང་གསེར་ཁང་སོགས་ཀྱིས་ཡོངས་སུ་བརྒྱན་པའི་ཆོས་སྡེ་ཆེན་པོ་འདིའི་སྤྱིའི་འཛུགས་སྐྲུན་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་དྲུག་བརྒྱ་ལྷག་ཡོད་དོ།།

སྐུ་གསུང་ཐུགས་རྟེན།

ཚོགས་ཆེན་འདུ་ཁང་ཆེན་མོའི་རྟེན་གཙོ་སྨན་འདམ་ལས་གྲུབ་པའི་སྟོན་པ་ཐུབ་པའི་དབང་པོ་དང་། རྗེ་བཙུན་བྱམས་མགོན། རྟ་མགྲིན། ཕུར་བ་སོགས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བཞིན་ལེགས་བྱིན་ལྡན་ཆེས་མང་པོ་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། རིས་མེད་རྒྱ་བོད་ཀྱི་སྐྱེས་ཆེན་ཁག་གི་གསུང་རབས་ལྷུན་པོའི་གཏོས་དང་མཉམ་པ་དང་། ཐུགས་རྟེན་བརྒྱུད་ལྡན་བླ་མ་དམ་པ་འདྲེན་མཆོག་སྨོན་ལམ་བཟང་པོའི་སྐུ་གདུང་མཆོད་རྟེན་སོགས་བྱིན་རླབས་ཀྱི་གཟི་འོད་ཕྱོགས་བརྒྱར་འཕྲོ་བའི་རྟེན་གསུམ་གྲངས་མེད་པ་བཞུགས་ཤིང་། བྱམས་མགོན་ལྷ་ཁང་ཡིད་དགའ་ཆོས་འཛིན་དུ་རྟེན་གཙོ་གསེར་ནག་ལས་གྲུབ་པའི་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་ཁྲུ་བཅུ་གཉིས་ཀྱི་ཚད་དང་། བྱང་སེམས་ཉེ་བའི་སྲས་བརྒྱད། རྒྱལ་བའི་བཀའ་འགྱུར་དང་། འཕགས་བོད་སྐྱེས་ཆེན་དུ་མའི་གསུང་རབས་སོགས་རྟེན་གསུམ་བྱིན་ཅན་དུ་མ་དང་། བྱང་ཆུབ་མཆོད་རྟེན་ཆེན་པོའི་དབུས་ཀྱི་ལྷ་ཁང་དུ་རྟེན་གཙོ་སྟོན་པ་ཐུབ་པའི་དབང་པོ། དེའི་ཕྱོགས་བཞིའི་ལྷ་ཁང་དུ་འོད་དཔག་མེད། རྗེ་བཙུན་སྒྲོལ་མ། མི་འཁྲུགས་པ། ཐུགས་རྗེ་ཆེན་པོ་སོགས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དང་། སློབ་གླིང་སྐལ་བཟང་དགའ་བའི་ཚལ་གྱི་དབུས་ཀྱི་ཚོམས་ཆེན་དུ་གསེར་ཟངས་ལས་གྲུབ་པའི་ཐུབ་པའི་སྐུ་བརྙན་ལོངས་སྐུའི་རྒྱན་ཅན་དང་། དེའི་གཡས་སུ་རུ་གུ་རིན་པོ་ཆེ་དང་སྤྱན་རས་གཟིགས། གཡོན་དུ་འཇམ་པའི་དབྱངས་དང་རྗེ་བཙུན་སྒྲོལ་མ། མཁན་ཆེན་གསང་སྔགས་བསྟན་འཛིན་གྱི་སྐུ་གདུང་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྐུ་གསུང་ཐུགས་རྟེན་གྲངས་མེད་པ་བཞུགས་སོ།།

དགེ་འདུན་ཞལ་གྲངས།

སྐྱབས་མགོན་རྗེ་བཙུན་བླ་མ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་ངག་དབང་པདྨ་རྣམ་རྒྱལ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁས་དབང་བདེ་ལེགས་རབ་རྒྱས། མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ། མཆོག་སྤྲུལ་ཚངས་པ་ལུང་རྟོགས་བསྟན་པའི་རྒྱལ་མཚན། བྱ་བྲལ་བ་ཆོས་དབྱངས་རང་གྲོལ། ཀུན་སྤངས་མཆོག་སྤྲུལ་འགྲོ་ཕན་རྒྱ་མཚོ། མཁན་ཆེན་ཚུལ་ཁྲིམས་དར་རྒྱས། ཨ་སྐྱོང་སྤྲུལ་སྐུ་ཆོས་རྣམ་རྒྱ་མཚོ། མཁན་པོ་སངས་རྒྱས་རྣམ་རྒྱལ། མཁན་སྤྲུལ་འཇམ་དབྱངས་སྦྱིན་པ། མཁས་དབང་ངག་དབང་དགེ་ལེགས། སྤྲུལ་པདྨ་ནོར་བུ་སོགས་མཁས་པའི་རྣམ་ཐར་འཆད་རྩོད་རྩོམ་གསུམ། བཙུན་པའི་རྣམ་ཐར་སྡོམ་གསུམ་རྣམ་དག ཆེན་པོའི་རྣམ་རྣམ་འཁོར་ལོ་གསུམ་གྱི་མཛད་འཕྲིན་མངོན་པར་མཐོ་བའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་དབུས་དགེ་འདུན་གཅིག་སྟོང་ལྷག་བཞུགས།
ད་ལྟའི་ཆར་དགོན་སྡེ་འདིའི་ལུགས་གཉིས་ཀྱི་བདག་པོ་རྡོ་རྗེ་འཆང་ངག་དབང་པདྨ་རྣམ་རྒྱལ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་དང༌། སྤྱི་ཁྱབ་མཁན་པོ་ཚུལ་ཁྲིམས་དར་རྒྱས་རིན་པོ་ཆེ། ལས་ཐོགས་མཁན་པོ་སྤྲུལ་སྐུ་འཇམ་དབྱངས་སྦྱིན་པ་ཡིན།

ཐོས་བསམ་སློབ་གཉེར།

དགོན་པ་འདིར་གཙོ་བོ་བཤད་གྲྭ་དང་། སྒྲུབ་གྲྭ རྣམ་ཐར་གྲྭ་ཚང་། སློབ་ཆུང་བློ་གསལ་རྭ་བ་སྟེ་གྲྭ་ཚང་བཞི་ཡོད་ཅིང༌། བཤད་གྲྭ་བའི་ཐོས་བསམ་སློབ་གཉེར་གནང་ཡུལ་བཀའ་ངེས་དོན་མདོ་སྡེ་ཉི་ཤུ་དང༌། བསྟན་བཅོས་བྱམས་པའི་ཆོས་ལྔ། ཀླུ་སྒྲུབ་ཀྱི་བསྟོད་ཚོགས། ཐོགས་མེད་ཀྱི་རྒྱུད་བླའི་འགྲེལ་བ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་ཡིག་ཆ་སོགས་གསུང་རབས་ཚད་ལྡན་ཁག་ལ་གཞི་བཅོལ། འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་སོགས་ཀྱི་ཡིག་ཆའི་ཟུར་བརྒྱན་ཏེ། མདོ་ཕྱོགས་བཀའ་བོད་ཆེན་པོ་ལྔ་དང༌། སྔགས་ཕྱོགས་རྒྱུད་སྡེ་བཞི། ཐུན་མོང་རིག་གནས་དང་བཅས་པར་སྦྱང་བརྩོན་གནང་སྟེ། རྒྱུགས་འབྲས་རྩེར་སོན་རྣམས་རིམ་བཞིན་བཤད་གྲྭའི་སྒྲིག་གཞི་ལྟར་མཁན་པོ་དང་སློབ་དཔོན་གྱི་ཁྲི་ལ་ཕེབས་བཞིན་ཡོད།
སྒྲུབ་གྲྭ་བར་དུས་འཁོར་སྒྲུབ་གྲྭ་དང་། རྡོར་སེམས་སྒྲུབ་གྲྭ་གཉིས་ཡོད་ལ། དུས་འཁོར་སྒྲུབ་གྲྭའི་དགེ་འདུན་པ་རྣམས་ཀྱི་ཐུགས་དམ་མཉམ་བཞེས་ཀྱི་གཙོ་བོ་དུས་བཞིར་ཆད་མེད་དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་བྱང་ཆུབ་བཞི་དང་། རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གཙོ་བོ་ཡིན་ལ། དེ་ཡང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་ཁྲིད་ཡིག་མཐོང་བ་དོན་ལྡན་དང་། དེའི་ལྷན་ཐབས་འོད་བརྒྱ་འབར་བ། ཟུང་འཇུག་རབ་གསལ། ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་སྒོམ་རིམ་གྲུབ་པའི་ལམ་བཟང་སོགས་ཀྱི་སྟེང་ནས་ཉམས་ཁྲིད་མནོས་ཏེ། ལོ་གསུམ་རིང་ཉམས་ལེན་ཚད་ལྡན་གནང་བཞིན་ཡོད་པ་མ་ཟད། གཞན་ཡང་དཔལ་ལྡན་ཤངས་བའི་ཆོས་བཀའ་ཡོངས་རྫོགས་དང༌། ཟབ་ལམ་ནི་གུ རྒྱུད་སྡེ་སོ་སོའི་བསྙེན་སྒྲུབ་ཡང་ཚད་ལྡན་བླ་མ་གོང་མའི་ཕྱག་ལེན་ལྟར་གནང་བཞིན་ཡོད། རྡོར་སེམས་སྒྲུབ་གྲྭ་བ་རྣམས་ཀྱིས་ལོ་གཅིག་རིང་དམ་མཚམས་ཀྱིས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བྱེ་བ་དང་། ཁ་སྐོང་སྦྱིན་བསྲེག་དང་བཅས་པ་ལོ་ལྟར་ཆད་མེད་གནང་བཞིན་ཡོད།

རྣམ་ཐར་གྲྭ་ཚང་གིས་སྟོན་པའི་མཛད་རྣམ་དང་། གེ་སར་རྟ་རྒྱུགས། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་སོགས་གནའ་དེང་ཟུང་འབྲེལ་གྱི་སྒྱུ་རྩལ་སྣ་མང་སྒོ་ནས་དུས་ཆེན་ཆེ་ཁག་དང་། སྐབས་བབས་མཛད་སྒོར་འཁྲབ་སྟོན་གནང་བཞིན་ཡོད། སློབ་ཆུང་བློ་གསལ་རྭ་བས་ བོད་ཡིག་འབྲི་ཀློག་དང་སུམ་རྟགས་དག་གསུམ། བོད་ཀྱི་ཚིག་རྒྱན་རིག་པ་འམ་སྙན་ངག རང་ལུགས་ཆོ་གའི་ཕྱག་ལེན། འདོན་རྟ་དབྱངས། གཏོར་མ་བཅའ་བཟོ། གར་ཐིག་ཕྱག་རྒྱ། རྡུལ་ཚོན་དཀྱིལ་འཁོར། དུས་འཁོར་སྐར་རྩིས་དང་། རྒྱ་ནག་ལུགས་ཀྱི་འབྱུང་རྩིས་སོགས་བོད་ཀྱི་ཐུན་མོང་རིག་གནས་ཁག་ལ་སློབ་གཉེར་ཕུལ་ཕྱིན་གནང་དང་གནང་བཞིན་ཡོད་དོ།།

ལོ་འཁོར་དུས་མཆོད།

ལོ་འཁོར་དུས་མཆོད་ཀྱི་རིམ་པ་ནི། བོད་ཟླ་དང་པོར་རྟ་མགྲིན་སྒྲུབ་ཆེན། བོད་ཟླ་གསུམ་པར་རྗེ་བཙུན་ཏཱ་ར་ནཱ་ཐའི་འདས་མཆོད་དམ་ནག་ཟླའི་བརྒྱད་མཆོད་དུ་གྲགས་པ་དུས་འཁོར་བདག་འཇུག བོད་ཟླ་བཞི་བར་རྗེ་བཙུན་བླ་མ་སྨོན་ལམ་བཟང་པོིའི་འདས་མཆོད། དུས་འཁོར་ཐུགས་དཀྱིལ་ཡེ་ཤེས་འོད་འཕྲོའི་སྒྲུབ་མཆོད། བོད་ཟླ་བདུན་པའམ་བརྒྱད་པ་ནས་དབྱར་གནས། བོད་ཟླ་བཅུ་བར་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་འདས་མཆོད་སྟེ་བཅུ་བའི་དྲུག་མཆོད། བོད་ཟླ་བཅུ་གཉིས་པར་ཕུར་བའི་སྒྲུབ་ཆེན་དང་ལོ་མཇུག་དགུ་གཏོར་བཅས་སོ།།
གཞན་ཡང་ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་རྣམས་སུ་དུས་འབྲེལ་གསོ་སྦྱོང་ཆད་མེད་དང༌། ཚེས་བཅུར་དུས་བཟང་མཆོད་པ། ཉེར་ལྔར་རྣལ་འབྱོར་མ་རིགས་བརྒྱའི་མཆོད་པ་སོགས་སྐབས་བསྟུན་གྱིས་སྤྱི་ཚོགས་ཞབས་རིམ་ཡང་དུས་ལྟར་སྒྲུབ་གྱིན་ཡོད།

སྤྱི་ཚོགས་ཞབས་ཞུ།

སྤྱིར་བཏང་དགོན་སྡེ་འདི་ཉིད་གྲོང་ལས་དགོན་པའི་ཚུལ་དང་། དེར་བཞུགས་དགེ་འདུན་པ་ཐམས་ཅད་ཀྱང་དགེ་ཚུལ་སློང་ཤ་སྟག་ལས་མེད་མོད། དགོན་པའི་ཉེ་འདབས་སུ་གནས་པའི་ཁྱིམ་པ་རྒན་རྒོན་བདག་མེད་རྣམས་ལ་དུས་མཐུན་གྱིས་ཆོས་དང་ཟིང་ཟང་གི་སྦྱིན་པ་དང༌། དགོན་པའི་སྨན་ཁང་ནས་ནད་པ་ཉམ་ཐག་རིགས་ལ་རིན་མེད་ཀྱི་སྨན་སྦྱིན་གནང་ཐོག རྣམ་ཐར་གྲྭ་ཚང་ནས་བོད་ཀྱི་ཟློས་གར་ཆེན་མོ་ཁག་འཁྲབ་སྟོན་གྱིས་སྤྱི་ཚོགས་ཁྲོད་མི་རིགས་རིག་གནས་ཀྱི་འཚོ་བ་ཡར་རྒྱས་དང་གོང་འཕེལ་དུ་བཏང་བ་མ་ཟད། སློབ་གྲྭ་བློ་གསལ་རྭ་བ་ནས་བོད་རིགས་བྱིས་པ་རྣམས་ལ་བོད་ཡིག་སློབ་ཁྲིད་གནང་སྟེ། ས་གནས་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཡིག་རྨོངས་ཀྱི་མུན་པ་རིང་དུ་བསལ་ཞིང་། གྲྭ་ཚང་སྤྱིའི་ངོས་ནས་གསོན་པོའི་སྐྱབས་འཇུག་དང༌། གཤིན་པོའི་དགེ་བསྔོ་སོགས་དད་ལྡན་མང་ཚོགས་ཀྱི་རེ་འདོད་ལྟར་སྨིན་སྒྲུབ་གནང་བས། རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་དགའ་བསུ་དང་བསྔགས་བརྗོད་རབ་དང་རིམ་པར་ཐོབ་པ་སོགས་མདོར་ན་དགོན་པ་འདི་ཉིད་འབྲེལ་ཡོད་སྤྱི་ཚོགས་ཀྱི་རྟེན་གཞི་ལྟ་བུར་གྱུར་ཡོད་པ་བཅས་སོ།།